10 ཟླ09པ།

དགེ་རྒན་དུས་ཆེན་དང་བདག་གི་དྲན་འཆར།

ཡོངས་ཁུངས།:སྐད་འཕྲིན།  རྩོམ་པ་པོ།:གྱི་ལིང་འཇིགས་མེད།

 སང་ཉིན་དགེ་རྒན་དུས་ཆེན་རེད་ཟེར། མཐར་ཕྱིན་ཟིན་པའི་སློབ་བུ་མང་བོས་ང་ལ་དྲ་ལམ་དུ་དགེ་རྒན་དུས་ཆེན་ལ་རྟེན་འབྲེལ་ཞུ་ཚིག་དང་། དྲིན་གཟོའི་ཚིག་སོགས་སྣ་ཚོགས་བསྐུར་འདུག ད་བར་དུ་བྱ་བའི་བྲེལ་ཟིང་སྣ་ཚོགས་ཀྱི་དབང་གིས་ལྷོད་མོ་ཞིག་མ་བྱུང་། ད་ལྟ་གཞི་ནས་ལྷོད་ལ་བབས་ཏེ་གཅིག་བུར་དགེ་རྒན་ཞེས་པའི་ཐ་སྙད་འདིར་བསམ་བློ་བཏང་བ་ཡིན། 

   ང་ལ་མཚོན་ན་ལོ་འདི་དག་ལ་འགྱུར་ལྡོག་མང་བོ་བྱུང་སོང་། སློབ་མ་ལ་མིག་དཔེ་སྟོན་ཕྱིར་རང་གི་སྤྱོད་ལམ་ལ་དོ་སྣང་བྱེད་དགོས་ལ། སློབ་མར་སློབ་ཁྲིད་བྱ་ཕྱིར་རང་གིས་དཔེ་ལྟོས་བྱེད་དགོས། དེ་བཞིན་སློབ་མ་ལེགས་པར་སྐྱོང་ཕྱིར་ལོ་དང་ཟླ་བ་རིམ་གྱིས་འདས་ཀྱང་ངལ་གསོ་ལྷོད་པོ་ཞིག་ཀྱང་བྱ་ལོང་མེད་པས་མདོར་ན་ངས་རྒྱུན་འཁྱོངས་བྱེད་ཤེས་སོང་། དེ་ནི་ངའི་གཤིས་ཀ་ལ་འགྱུར་ལྡོག་ཐེབས་པ་ཆེས་ཆེ་ཤོས་དག་རེད། 

  ནམ་རྒྱུན་སློབ་མ་ཚོས་ང་ལ་གུས་གུས་ཞུམ་ཞུམ་བྱེད་ཅིང་། ཅི་བཤད་དང་ལེན་བྱས་པས་ང་ལྷག་ཏུ་རང་གི་དགེ་རྒན་ལ་དད་པ་ཇེ་བརྟན་དང་སྐུ་དྲིན་ཇེ་དྲན་དུ་གྱུར་སོང་། མདོར་ན་ལོ་འདི་དག་ཏུ་ང་ལ་བཟང་ཕྱོགས་ནས་འགྱུར་བ་མང་བོ་ཐེབས་པ་ཐམས་ཅད་སློབ་མ་ཚོའི་དྲིན་རེད། དེ་བས་སང་ཉིན་དགེ་རྒན་དུས་ཆེན་ཡིན་ན་དེ་རིང་ངས་ཐག་ཉེ་རིང་གི་སློབ་བུ་ཡོངས་ལ་བཀའ་དྲིན་ཆེ་ཞུ། ཁྱེད་ཅག་ཡོད་པས་ད་གཟོད་ང་ལའང་ཆོས་འཇིག་རྟེན་གང་གི་ཆ་ནས་ཀྱང་གོ་སྐབས་མང་བོ་ཐོབ་སོང་བ་རེད། 

  ང་དགེ་རྒན་བཟང་བོ་ཞིག་མིན་མོད། འོན་ཀྱང་ཁྱོད་ཚོ་ལྟ་བུའི་སློབ་མ་ཡ་རབ་མང་བོ་བྱུང་བས་ད་གཟོད་ངས་ཀྱང་རང་ཉིད་ལ་བཅོས་སྒྱུར་མང་བོ་བཏང་མྱོང་། སྐབས་ལན་རེར་ཁྱོད་ཚོའི་གདེང་འཇོག་དང་ཆེ་མཐོང་དེ་དག་གིས་ང་རང་ངོ་ཚ་ཞིང་ཁ་སྐྱེངས་པར་བྱས་སོང་། ངས་ནམ་རྒྱུན་ཁྱོད་ཚོར་ང་རང་དགེ་རྒན་ཐབས་ཆག་ཅིག་སྟེ། ཁྱོད་ཚོས་ང་ལ་གདེང་འཇོག་དང་བསྟོད་བསྔགས་བྱས་པ་དེ་དག་ཁྱོད་ཚོས་ང་ལ་བཅངས་པའི་རེ་བ་ཡིན་པ་ལས་ངའི་དངོས་ཡོད་ཀྱི་གནས་ཚུལ་གཏན་ནས་མ་རེད་ཅེས་ཡང་ཡང་བཤད་མྱོང་བ་བཞིན་སང་ཉིན་དགེ་རྒན་དུས་ཆེན་གྱི་ཉིན་མོར་ཡང་ངས་ཁྱོད་ཚོར་སྐད་ཆ་འདི་ཡང་བསྐྱར་ཐེངས་ཤིག་བཤད་པ་ཡིན། 

   འོ་རེད་ཡ། དགེ་རྒན་དུས་ཆེན་ཉིན་དགེ་རྒན་ལ་མཁོ་བའི་ལེགས་སྐྱེས་ནི་དངོས་པོ་རེ་སྟེར་རྒྱུ་དེ་མ་ཡིན་པར། ཁྱོད་ཚོའི་སྤྲོ་བའི་འཛུམ་དཀར་དང་བརྩོན་པའི་སྙིང་སྟོབས་དེ་ཡིན། ང་ཚོས་རང་གི་ཡོད་ཚད་བློས་གཏོང་དོན་ཡང་ཁྱོད་ཚོའི་སྟེང་ནས་ཁྲེལ་དང་ཕྱི་ཐག་གིས་སྤྲས་པའི་སྤྲོ་འཛུམ་དང་སྙིང་སྟོབས་དེ་ཁོ་ན་མཐོང་ཕྱིར་ཡིན། 

    མཐར་ཐམས་ཅད་ལ་བཀྲ་ཤིས་བདེ་ལེགས་ཞུ།

                  2017/9/9མཚན་མོར་རང་སྤྱིལ་དུ།

版权信息

Copyright © 2017 Thonmi.net All Rights Reserved.པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག
邮箱:khatse@qq.com
青ICP备12000419号-1 公安备案号:63010502000013