10 ཟླ09པ།

དགེ་རྒན་ལ་གུས་པར་བྱ་བ་དང་བཀའ་དྲིན་རྗེས་སུ་དྲན་པ།

ཡོངས་ཁུངས།:སྐད་འཕྲིན།  རྩོམ་པ་པོ།:པོ་ཏོ་བ་རིན་ཆེན་གསལ།

སློབ་ཁྲིད་ཉན་པའི་ཚེ་དགེ་རྒན་ལ་གུས་པར་བྱ་བ་ནི་གསུམ་སྟེ། ལུས་གུས་པ་དང་། ངག་གུས་པ།  ཡིད་གུས་པའོ།།

དང་པོ་ལུས་མ་གུས་པར་སྤངས་ཤིང་གུས་པར་བྱ་བ་ནི། རང་དམའ་བར་འདུག་ལ་མཉན་དགོས་ཏེ།  རབ་ཏུ་དམའ་བའི་སྟན་ལ་འདུག །

འདུལ་བའི་དཔལ་ནི་རྣམ་པར་བསྐྱེད།།

ཚིག་གི་བདུད་རྩི་འཐུང་བཞིན་དུ།།  རིམ་གྲོ་བསྐྱེད་དེ་རབ་ཉོན་ཅོག། 

ཅེས་པ་སྟེ།  རྐང་པ་བརྐྱང་བ་དང་།  གཞོགས་བསྙེས་བྱས་ཏེ་མཉན་དུ་མི་རུང་།  ཅོག་པུར་འདུག་སྟེ།  མདུན་བསྟན་ལ་མཉན་པར་འཚལ།

ངག་གི་གུས་པ་སྤངས་ཤིང་གུས་པར་བྱ་བ་ནི། སློབ་ཁྲིད་ཉན་པའི་བར་ལ་ངག་གི་སྤྱི་བརྟོལ་དང་ཤབ་ཤུབ་ཡེ་མི་བྱ་བར།  སློབ་མཐུན་གྱི་འགོ་གཞུག་བར་དུ་རྩེ་གཅིག་གིས་མཉན་པར་བྱ།  

ཡིད་ཀྱི་གུས་པ་སྤངས་ཏེ་གུས་པར་བྱ་བ་ནི།  སློབ་ཁྲིད་ཀྱི་ནང་དོན་ཟབ་དང་མི་ཟབ་ཅི་ཚོད་འདུག་བལྟའོ།།  ངའི་བློ་ལ་ཡོད་པ་དང་མཐུན་དང་མཐུན་བལྟའོ། ། དགེ་རྒན་འདི་རང་ལ་ཤེས་ཚོད་དང་གོ་ཚོད་ཅི་ཚོད་འདུག་བལྟའོ་སྙམ་དུ་ཤེས་པ་བརྒྱང་ངེ་ཅོག་གེ་བས་སློབ་ཁྲིད་མཉན་དུ་མི་རུང་བས།  ཡིད་མ་གུས་པའི་སྐྱོན་དེ་དག་སྤངས་ཏེ་ཚུལ་བཞིན་དུ་མཉན་པར་བྱའོ།། 

སྒོ་གསུམ་གུས་པ་དང་ལྡན་པའི་སློབ་ཁྲིད་མཉན་པར་བྱ་བ་ནི།  ཕུ་ཆུ་རྫིང་དང་ས་རླན་དང་། ཞེས་པའི་དཔེ་ལྟ་བུ་སྟེ།  ཕུ་ཆུ་རྐ་ལ་དྲངས་ནས་རྫིང་བུར་བསགས། རྫིང་བཏང་ནས་ཞིང་ལ་བཅུས་པས།   ས་གཞི་བརླན་པ་ལས་ས་བོན་གང་བཏབ་པ་སྐྱེ་བ་ཡིན།  

དེ་དག་ལས་ལྡོག་ན་ཞིང་ས་སྐམ་པོ་ལ་ས་བོན་བཏབ་ཀྱང་མི་སྐྱེ་བ་བཞིན་ནོ།།

དགེ་རྒན་གྱི་བཀའ་དྲིན་རྗེས་སུ་དྲན་དགོས་པ་ནི།  འོ་སྐོལ་གྱི་དགེ་རྒན་འདིའི་བཀའ་དྲིན་ཅི་ཙམ་འོང་ཞེ་ན།  བ་གླང་མི་ཁྱུ་མཉམ་མཉམ།   ཞེས་པ་སྟེ།  བ་གླང་མི་ཁྱུ་ཞེས་པ་ནི།  འོ་སྐོལ་དང་པོ་ཙ་ན་ཅི་ཡང་མི་ཤེས་པ་བ་གླང་དང་འདྲ་བ་དེ།  ད་ལྟ་བྱེད་སྙིང་འདོད་ཙམ་ན་ཅི་ཡང་ཤེས་ཤིང་།  རིག་པ་དང་ལྡན་པ་འདི་དགེ་རྒན་གྱི་བཀའ་དྲིན་ཡིན་ཏེ་བ་གླང་མི་ཁྱུར་བཅུག་པའི་ཚོད་ཡིན།  སྔར་གྱི་ཡོན་ཏན་ཆེ་སྐྱེས་ཆུང་སྐྱེས་ཐམས་ཅད་དགེ་རྒན་གྱི་བཀའ་དྲིན་ཡིན་གསུངས། མི་མཉམ་མཉམ་ཞེས་པ་ནི།  འོ་སྐོལ་དང་པོ་ཙ་ན་མི་ཐམས་ཅད་ཀྱིས་བརྙས་བཅོས་ཀྱི་གནས་ཤིག་ཡོད་པ་དེ།  ད་ལྟ་མི་མཉམ་པ་དང་མཉམ་དུ་བཅུག་པ་ཐམས་ཅད་ཀྱི་གོང་དུ་བཏོན་ནས་ཐམས་ཅད་ཀྱི་ཕུད་དུ་ཁུར་བ་འདི་དགེ་རྒན་གྱི་བཀའ་དྲིན་ཡིན་པས།  མོས་པ་དང་གུས་པ་ཆེར་བྱེད་དགོས་གསུངས། 


版权信息

Copyright © 2017 Thonmi.net All Rights Reserved.པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག
邮箱:khatse@qq.com
青ICP备12000419号-1 公安备案号:63010502000013