10 ཟླ09པ།

དགེ་རྒན་གྱི་ཡོན་ཏན་ཆེ་བ་བརྒྱད།

ཡོངས་ཁུངས།:སྐད་འཕྲིན།  རྩོམ་པ་པོ།:རྒྱལ་ཚང་འཇམ་དབྱངས་ཤེས་རབ།


ཀུན་སྤྱོད་གཙང་བ།

  དགེ་རྒན་ནི་མི་རིགས་ཤིག་གི་དར་རྒུད་དང་འབྲེལ་བ་ཡོད་པའི་བྱ་བ་རླབས་ཆེན་སྒྲུབ་མཁན་ཞིག་རེད། དེ་བས་ང་དགེ་རྒན་ལ་དགའ། དགེ་རྒན་ལ་དུང་། དགེ་རྒན་ནི་དཔེ་ཁྲིད་གནང་བའི་ཤེས་ཡོན་དང་འཇོན་ཐང་གཉིས་ལྡན་གྱི་མི་ཡ་རབས་ཤིག་ཡིན་པས། མ་རབས་ཀྱི་བྱ་བའི་རིགས་ཏེ། དུད་ཆང་དང་ཤོ་རྩེད་ནང་དུ་མགོ་འཐོམས་མཁན་ཞིག་མ་ཡིན་པར། སློབ་ཕྲུག་རྣམས་ལ་དུས་ལྟར་དུ་སློབ་ཁྲིད་ལེགས་པོ་གནང་མཁན་དང་ཡ་རབས་ཀུན་སྤྱོད་གཙང་བ་ཁྲིད་མཁན་ཞིག་རེད།

རྟོགས་པ་ལྡན་པ། 

  དགེ་རྒན་ནི་སྦྱངས་ནས་ཐོབ་པའི་ཡོན་ཏན་དང་སྤྱོད་པ་སློབ་ཕྲུག་ལས་ལྷག་པ་ཞིག་རེད། དེ་བས་ང་དགེ་རྒན་ལ་དགའ། དགེ་རྒན་ལ་དུང་། དགེ་རྒན་ནི་རང་གི་ཡོན་ཏན་སོགས་ལེགས་པར་རློམ་ཞིང་གཞན་ལ་མཐོང་ཆུང་བྱེད་པའི་བསམ་པ་དང་སྤྱོད་པ་གང་ཡང་མེད་པར། རྟོགས་པ་ལྷ་དང་མཉམ་ཡང་སྤྱོད་པ་མི་དང་བསྟུན་ཤེས་ཤིང་སེམས་པ་གཙང་བའི་ཁར། ལུས་ངག་གི་ཀུན་སྤྱོད་བབ་ཆགས་པ་ཞིག་རེད།

མང་དུ་ཐོས་པ།

   དགེ་རྒན་ནི་ཕ་མའི་སློབ་གསོ་དང་། དགེ་རྒན་གྱི་སློབ་གསོ། དར་མའི་སློབ་གསོ། ལས་རིགས་སློབ་གསོ། སྤྱི་ཚོགས་སློབ་གསོ་སོགས་མང་དུ་གོ་ཐོས་མྱོང་མཁན་ཞིག་རེད།  དེ་བས་ང་དགེ་རྒན་ལ་དགའ། དགེ་རྒན་ལ་དུང་། དགེ་རྒན་ནི་བསམ་བློ་དང་ཤེས་ཡོན་གྱི་ཆུ་ཚད་མཐོ་བའི་ཉམས་མྱོང་ལྡན་པའི་མི་ཞིག་ཡིན་པ་མ་ཟད། ད་རུང་གཞན་གྱི་རྒྱུད་ནས་ཡོན་ཏན་དང་ལེགས་པའི་ཆ་ཡོངས་སུ་ལེན་པར་བརྩོན་པའི་སྐྱེས་བུ་དམ་པ་ཞིག་རེད།

བརྩེ་བ་ལྡན་པ།

    དགེ་རྒན་ནི་བྱམས་པའི་ཕྱག་དང་བརྩེ་བའི་སེམས་ཅན་ཞིག་རེད། དེ་བས་ང་དགེ་རྒན་ལ་དགའ། དགེ་རྒན་ལ་དུང་། དགེ་རྒན་ནི་གཞན་ཕན་ལྷག་བསམ་དཀར་པོའི་བསམ་པ་རྩེ་གཅིག་ཏུ་ཁྱེར་ནས་མི་རིགས་ལ་ཁ་ཕྱོགས་ནས་མ་འོངས་མི་རིགས་ཀྱི་རྒྱུད་འཛིན་སློབ་ཕྲུག་རྣམས་ལ་སློབ་གསོ་གཏོང་བ་དང་སློབ་ཕྲུག་རྣམས་ཀྱི་མདུན་ལམ་ལ་བསམ་གཞིག་ཞིབ་མོ་གཏོང་མཁན་ཞིག་རེད།

སྐྱོ་བ་མེད་པ།

     དགེ་རྒན་ནི་སློབ་ཁྲིད་ལ་སྤྲོ་བ་ཡོད་པའི་དོན་གཉེར་བ་ཞིག་རེད། དེ་བས་ང་དགེ་རྒན་ལ་དགའ། དགེ་རྒན་ལ་དུང་། དགེ་རྒན་ནི་སློབ་ཁྲིད་བྱེད་རྒྱུར་སྤྲོ་བ་དང་ལག་ལེན་ཡོད་པའི་སྟེང་ནས་མི་རིགས་ལ་རང་ནུས་ཅི་ལྕོགས་ཀྱིས་སྲི་ཞུ་སྒྲུབ་མཁན་ཞིག་ཡིན་པས། བོད་ཀྱི་ནང་ལ་ཤེས་ཡོན་ཅན་དང་། འཇོན་ཐང་ཅན། བསམ་ཤེས་ཅན་སོགས་མི་སྣ་ནུས་པ་ཅན་གང་མང་ཞིག་འཚར་ལོང་བྱུང་དང་འབྱུང་བཞིན་པ་ཐམས་ཅད་ནི་དགེ་རྒན་རྣམ་པས་སྐྱེད་སྲིང་བྱས་ནས་ཡོང་བ་ཞིག་རེད།

བཟོད་བསྲན་ཆེ་བ།

      དགེ་རྒན་ནི་སློབ་ཕྲུག་གི་ཆེད་དུ་སེམས་མི་ཁོམ་པའི་དཀའ་བ་ཁྱད་བསད་ཀྱི་སྙིང་རུས་ཅན་ཞིག་རེད། དེ་བས་ང་དགེ་རྒན་ལ་དགའ། དགེ་རྒན་ལ་དུང་། དགེ་རྒན་ནི་དཀའ་སྤྱད་འབད་བརྩོན་བྱས་ནས་ཁྲིད་སྦྱོང་དང་སློབ་ཁྲིད་ཀྱི་ལས་ལ་བརྩོན་པའི་དཀའ་བ་མཐའ་དག་འཛུམ་གྱིས་བསུ་མཁན་ཞིག་ཡིན་པས། གནོན་ཤུགས་ཀྱི་འོག་ནས་སྤོབས་པ་བསྐྱེད་ནས་རྔུལ་ཆུ་ཐིགས་པ་རེ་རེས་སློབ་ཕྲུག་རྣམས་ཀྱི་སློབ་སྦྱོང་གི་འབྲས་བུ་ཉིན་རེར་ཡར་རྒྱས་གཏོང་གིན་ཡོད་པ་མ་ཟད། མི་རིགས་དང་སློབ་གསོའི་དོན་དག་ལ་བསམ་བློ་གཏོང་མཁན་ཞིག་ལས་ཟླ་ཕོགས་རེ་ཟ་རྒྱུ་ཁོ་ནར་རེ་མཁན་ཞིག་མིན་པས། སློབ་ཕྲུག་རྣམས་ལ་ཤེས་ཡོན་འབྱོར་ཕྱིར་དུ་རྣམ་དཔྱོད་ཀྱིས་ཉིན་མཚན་འདའ་བར་བྱེད་མཁན་ཞིག་རེད།

འཇིགས་ཞུམ་མེད་པ།

     དགེ་རྒན་ནི་བློ་གྲོས་སྤོབས་པའི་སྣང་བ་རྒྱས་པའི་དཔའ་མཛངས་རྟུལ་ཕོད་ཅན་ཞིག་རེད། དེ་བས་ང་དགེ་རྒན་ལ་དགའ། དགེ་རྒན་ལ་དུང་། ལྟོ་གོས་ཀྱི་ཆ་རྐྱེན་མེད་པའི་འཇིགས་པ་དང་གཞན་གྱིས་མི་བསྔགས་པའི་འཇིགས་པ། རང་ལ་སྙིང་ཉེ་བའི་མི་མེད་པའི་འཇིགས་པ་དང་མཐོང་ན་མི་མཐུན་པ་མེད་པའི་འཇིགས་པ་སོགས་གང་ཡང་མི་དགོས་པར། དཔེ་དེབ་ཅིག་དང་འབྲི་སྨྱུག་ཅིག་ཕྱག་ཏུ་བསྣམས་ཏེ་དགེ་རྒན་གྱི་འོས་འགན་ཕྲག་ཏུ་བཞེས་ནས་ལང་ཚོ་དང་བློ་རིག་གི་མྱུ་གུ་རྒྱས་བཞིན་པའི་སློབ་ཕྲུག་བརྒྱ་སྟོང་ལ་གསོན་ཤུགས་སྐྲུན་མཁན་ཞིག་རེད།

བཟང་པོའི་ཚིག་ལྡན།

   དགེ་རྒན་ནི་བསླབ་བྱའི་མན་ངག་གནང་བའི་བློ་དཀར་དྲང་བདེན་ཅན་ཞིག་རེད། དེ་བས་ང་དགེ་རྒན་ལ་དགའ། དགེ་རྒན་ལ་དུང་། དགེ་རྒན་ནི་རང་གི་བྱ་བ་ངོས་ཟིན་ཡོད་པའི་སྟེང་ནས་མི་རིགས་ཀྱི་ཆེད་དུ་རིག་གནས་ལ་བསམ་གཞིག་མཛད་དེ་སློབ་ཕྲུག་རྣམས་ལ་རིག་གནས་དང་བསམ་བློའི་གོ་རྟོགས་ཀྱི་ཆུ་ཚད་མཐོ་རུ་གཏོང་བར་ཡ་རབས་བཟང་སྤྱོད་ཀྱི་སློབ་གསོ་དང་སློབ་སྦྱོང་གི་ནང་དོན་ངོ་སྤྲོད་གནང་མཁན་ཞིག་རེད།    

     ཅེས་པ་ཡང་དགེ་རྒན་དུས་ཆེན་ལ་རྟེན་འབྲེལ་ཞུ་ཚིག་ཅིག་གི་དོད་དུ་སྨྱུག་མིང་འབྲོང་ཕྲུག་ཏུ་འབོད་པས་སྤྱི་ལོ་༢༠༡༧ལོའི་ཟླ་བ་༩པའི་ཚེས་༡༠ཉིན་ལ་བྲིས།

版权信息

Copyright © 2017 Thonmi.net All Rights Reserved.པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག
邮箱:khatse@qq.com
青ICP备12000419号-1 公安备案号:63010502000013